ནང་ཆོས་དང་ཚན་རིག

ནང་ཆོས་དང་ཚན་རིག་གླིང་སྟེགས་ཐོག་བགྲོ་གླེང་བྱེད་ཕྱོཊ་ཀྱི་བསམ་འཆར། དཀར་པོ་ཆིག་ཐུབ།

༡༽ ལྟ་བ་མི་མཐུན་པ་ལ་གུས་ཞབས་བྱ་བ།

བློ་སྐྱེད་ནི་ལྟ་བ་མི་མཐུན་པ་དག་ལས་མང་པོ་ཐོབ། ལྟ་ཚུལ་གང་ཞིག་ལ་གནས་ལུགས་མེད་པར་བསམ་ན། དེ་མེད་ལུགས་མེད་སྟངས་གནས་ལུགས་ཀྱི་ཐོག་ནས་ར་སྤྲོད་བྱ་དགོས། མི་ཚང་མའི་ལྟ་བ་རྣམས་ཁྱེད་དང་མཐུན་པ་ཞིག་སངས་རྒྱས་ཀྱིས་ཀྱང་བཟོ་མི་ཐུབ། དེའི་ཕྱིར་རང་དང་ལྟ་བ་མ་མཐུན་ན་དེ་ལ་སྡང་སེམས་སྐྱེ་བ་རང་གི་སྡུག་བསྔལ་ཙམ་དུ་ཟད།

༢༽ རྒོལ་ངན་གནས་ལུགས་བཤད་ནས་འགོག་པ།

རྒོལ་བ་ངན་པ་རྣམས་རིགས་ལམ་དང་རྒྱུ་མཚན། བདེན་དཔང་ཁུངས་སྐྱེལ་གྱི་ཐོག་ནས་ཚར་གཅོད་བྱེད་པ་མཁས་པའི་ལུགས་ཡིན། མཁས་པའི་འདུ་ར་ཆེན་པོའི་དབུས་སུ་རང་གི་ལྟ་ཚུལ་དེ་ལུང་ཙམ་དང་བཤད་སྒྲོས་ཙམ། དད་པ་དང་ཞེན་པ་ཙམ་གྱིས་སྒྲུབ་མི་ཐུབ། སངས་རྒྱས་ཀྱི་བསྟན་པ་འདི་དད་པ་དང་ཞེན་ཁོག་གིས་འཛིན་དགོས་རྒྱུ་ཞིག་མིན།

༣༽ མི་གཞི་གླེང་ནས་བརྗོད་དོན་ལ་གང་ཡང་མི་ཕན་པ།

གླེང་སྟེགས་འདི་གནས་ལུགས་འཚོལ་ས་ཡིན་པ་ལས་མི་གཤིས་འཚོལ་ས་མིན། ལྟ་བ་མི་འདྲ་བ་ཞིག་བཤད་ན་དེ་སུས་བཤད་མིན་དང་། མི་དེ་ཅི་འདྲ་ཞིག་ཡིན་མིན་འཚོལ་དགོས་དོན་མེད། འཚོལ་དགོས་པ་ནི་ལྟ་ཚུལ་དེར་རིགས་པ་དང་གནས་ལུགས་ཀྱི་རྒྱབ་རྟེན་ཡོད་མེད་དེ་ཡིན།

༤༽ མི་གཞི་གླེང་ན་ཕྱོགས་རིས་ཀྱི་རྒྱུར་འགྱུར་བ།

ལྟ་ཚུལ་མི་མཐུན་པ་འཛིན་མཁན་གྱི་མི་གཞི་ལ་ཞིབ་འཇུག་བྱེད་པ་དེ་ཆགས་སྡང་གི་རྒྱུ་རེད། ཆགས་སྡང་གིས་བསླད་པའི་སྐད་ཆ་དེ་གནས་ལུགས་ལ་རྒྱབ་ཕྱོགས་ནས་འགྲོ་གི་ཡོད། དེ་འདྲའི་མི་དེས་གནས་ལུགས་ངོ་མའི་གཟིགས་རིས་མཐོང་བ་ཧ་ཅང་དཀའ་བར་སྣང་།

༥༽ ཕྱོགས་རིས་ནི་བོད་མི་རིགས་ཀྱི་དགྲ་བོ་ཉག་གཅིག་ཡིན།

འདས་པ་དེ་འདས་ཚར་ན་ཡང་དེ་ལས་བསླབ་བྱ་ལེན་རྒྱུ་མང་། ང་ཚོ་ནང་ཁུལ་གྱི་ཕྱོགས་རིས་ནི་རང་རྐང་རང་གིས་གཅོད་པའི་སྟ་རེ་རེད། དེ་ལ་རང་རྒྱལ་ལ་གཞན་ཕམ་པ་ཞིག་མེད། དེས་དུས་དང་རྣམ་པ་ཀུན་ཏུ་རང་གི་སྟོབས་ཤུགས་འཇོམས་ཀྱི་རེད། དེས་ན་ཕྱོགས་རིས་ནི་གླེང་སྟེགས་འདིའི་སྤང་བྱ་གཙོ་བོ་ཡིན།

༦༽ ཟུར་ཟ་དང་མཐོང་ཆུང་ནི་རང་ཉིད་བསྟན་པ་ཙམ་ཡིན།

ཟུར་ཟ། མཐོང་ཆུང་། ཚིག་རྩུབ། འདི་དག་གིས་རང་གི་དེ་ཉིད་གསལ་པོར་སྟོན་གྱིན་ཡོད། དགག་པ་གནད་ལ་ཁེལ་བར་འདི་དག་གིས་རམ་འདེགས་རྩ་བ་ནས་བྱེད་མི་ཐུབ། བསམ་བློ་ཆགས་སྡང་གིས་བསླད་ནས་ཚིག་རྩུབ་ཀྱི་མཚོན་ཆ་སྐོར་བ་དེས་བརྗོད་དོན་ལ་མ་ཕྱོགས་པའི་རྣམ་རྟོག་མང་པོ་ཞིག་འདྲེན་གྱི་འདུག དེ་དག་གནས་ལུགས་འཚོལ་བའི་འགལ་རྐྱེན་རེད།

༧༽ རྨོངས་དད་དང་ཞེན་ཁོག་གིས་གནས་ལུགས་རྙེད་མི་སྲིད།

རྨོངས་དད་པ་ཞེས་བཤད་ན་མི་དགའ་བའི་རིགས་དེ་རྨོངས་དད་པ་ཡིན། མི་དགའ་བ་དེ་ནི་རང་ལ་ནོངས་པ་ཡོད་པའི་རྟགས་རེད། གནས་ལུགས་ཡང་དག་འཚོལ་ས་ལ་རྨོངས་དད་དང་ཞེན་ཁོག་གཉིས་འགྲོ་ས་རྩ་བ་ནས་མེད། གནད་དོན་འདི་ཤེས་པ་ལ་ཐོག་མར་རང་གིས་རང་ཉིད་ལ་ཞིབ་ལྟ་བྱེད་དགོས།

༨༽ སྐྱོན་ཆ་ཞིག་ངོས་ཟིན་ན་བཟང་ཆ་ཞིག་རྙེད་པ་རེད།

བདེན་དོན་ལ་མ་རེག་པའི་ཆ་རྣམས་སྐྱོན་ཆ་རེད། སྐྱོན་ཆ་དེ་ཤེས་བཞིན་དུ་ཁས་ལེན་འདོད་མེད་པ་ལ་སྒྲུབ་བྱེད་བཀོད་དགོས་དོན་མེད། ཅིའི་ཕྱིར་ཞེ་ན། དེ་དག་བློ་བསླད་པའི་དབང་གིས་གནས་ལུགས་ཀྱི་དགྲ་བོ་ཁོ་ན་ཆགས་ན་འདོད་པས་སོ། སྐྱོན་ལ་སྐྱོན་དུ་ལྟ་བ་ནི་ཡོན་ཏན་སྐྱེད་པའི་རྩ་བ་ཡིན།

༩༽ བློ་རྒྱ་བསྐྱེད་ནས་བདེན་དོན་སྐྱོང་བ།

བདེན་དོན་སྐྱོང་མཁན་ལ་དཔའ་བོ་ཟེར། དཔའ་བོ་ཚོས་བདེན་དོན་གྱི་ཆེད་དུ་སྲོག་ཀྱང་གཏོང་ཕོད། གནས་ལུགས་དང་མཐུན་པའི་གཏམ་ལ་རྒོལ་བ་གཞན་གྱི་གནས་ལུགས་མེད་པའི་ཚིག་རྩུབ་དང་ཟུར་ཟའི་གཏམ་ཆར་ལྟར་བབས་ཀྱང་བདེན་དོན་རྫུན་མར་སྒྲུབ་མི་ཐུབ། དེའི་ཕྱིེར་དེ་ལ་དོ་སྣང་སྤྲོད་རིན་མེད།

༡༠༽ སྐྱོན་ཡོད་པར་བརྗོད་པ་དེ་ཡོན་ཏན་མེད་པར་བཤད་པ་མིན།

ཆོས་ཚན་གཉིས་གང་ཡིན་ཡང་སྐྱོན་གྱི་ཆ་རེ་ཡོད་ངེས་རེད། སྐྱོན་གྱི་ཆ་རྣམས་ལྕེ་རྩེ་མ་ཟད་བར་དུ་བཤད་ཀྱང་དེས་དེ་ལ་ཡོན་ཏན་མེད་པ་བརྗོད་པ་མིན་ལ་བརྗོད་ཀྱང་མི་ཐུབ། སྐྱོན་གྱི་ཆ་རྣམས་མཐོང་གིན་མཐོང་གིན་ཡོན་ཏན་གྱི་ཆ་རྣམས་སྒྲིབ་པའི་ཉེན་ཁ་ཡོད། འགྲོ་བ་མི་ལ་མིག་གཉིས་ཡོད་པས་གནས་སྟངས་གང་ལ་ཡང་སྐྱོན་ཡོན་གཉིས་ཀར་བལྟ་དགོས།

ནང་ཆོས་དང་ཚན་རིག་གླེང་སྟེགས་ཀྱི་ཚོགས་གཙོའི་མིང་ཅན་དཀར་པོ་ཆིག་ཐུབ་ཀྱིས་ཚོགས་མི་འགའ་ཞིག་གིས་གླེང་མོལ་བྱེད་སྟངས་ལ་གཞིགས་ནས་ཕྱི་ལོ ༢༠༡༥ ལོའི་ཟླ་ ༥ ཚེས་ ༡༨ ལ་བྲིས།







сентябрь 2017
пн вт ср чт пт сб вс
1 2 3
4 5 6 7 8 9 10
11 12 13 14 15 16 17
18 19 20 21 22 23 24
25 26 27 28 29 30